Skip to main content

འབྲུག་པ་ཀུན་ལེགས་ཀྱི་ངོ་མཚར་ཆེ་བའི་མགུར་ཁག་བཞི།

འབྲུག་པ་ཀུན་ལེགས་ཀྱི་ངོ་མཚར་ཆེ་བའི་མགུར་ཁག་བཞི།

ཀ༽ 

ཁྱེད་བླ་མ་རྣམས་ཀྱི་ཆོས་ལུགས་འདི། 
ཟབ་མོ་གཞན་ལ་འཆད་འཆད་ནས། 
རང་ལ་མེད་པ་ངོ་མཚར་ཆེ། 
མེད་བསམ་མེད་པ་ཧམ་པ་ལ།   

ཁྱེད་གྲྭ་པ་རྣམས་ཀྱི་མོས་གུས་འདི།
མིག་བཙུམ་ཐལ་མོ་སྦྱར་སྦྱར་ནས། 
སེམས་ལ་མེད་པ་ངོ་མཚར་ཆེ།
བླ་མ་མགོ་བོ་བསྐོ་བའི་ཧམ་པ་ལ། 

ཁྱེད་སྔགས་པ་རྣམས་ཀྱི་སྲུང་མ་འདི།
དགྲ་དང་བགེགས་ལ་རྦད་རྦད་ནས།
ཐུགས་སྒྲུབ་པ་མེད་པ་ངོ་མཚར་ཆེ།
སྲུང་མ་དགྲ་ལ་རྦད་པ་ཧམ་པ་ལ། 

ཁྱེད་རྟོགས་ལྡན་རྣམས་ཀྱི་སྤྱོད་པ་འདི།
གཞན་གྱི་ཞེན་པ་བསོགས་བསོགས་ནས།
རང་ལ་བཟོད་པ་མེད་པ་ངོ་མཚར་ཆེ།
ཧེ་རུ་སྒོམ་པའི་ཧམ་པ་ལ།

ཁྱེད་སྒོམ་ཆེན་རྣམས་ཀྱི་སྒྲུབ་ཚུལ་འདི།
ལྐོག་ཟ་ཉལ་སྐྱིད་མཛད་མཛད་ནས།
མཉམ་གཞག་མེད་པ་ངོ་མཚར་ཆེ།
གྲུབ་རྟགས་སྟོན་པའི་ཧམ་པ་ལ།

ཁྱེད་ཉེ་གནས་རྣམས་ཀྱི་ནོར་རྫས་འདི།
བླ་མའི་མཛད་ལ་སྤྱོད་སྤྱོད་ནས།
ཡི་དྭགས་སྒྲུབ་པ་ངོ་མཚར་ཆེ།
བླ་མས་ཐུགས་རྗེས་འཛིན་བསམ་ཧམ་པ་ལ།

ཁྱེད་དཔོན་པོ་རྣམས་ཀྱི་ཁྲིམས་ལུགས་འདི།
གཞན་ལ་སྤྱོད་པའི་སྙིང་ཁམས་ལ།
རང་ལ་མེད་པའི་ངོ་མཚར་ཆེ།
ཡོད་དོ་སྙམས་པའི་ཧམ་པ་ལ།

ཁྱེད་སྦྱིན་བདག་རྣམས་པའི་སྦྱིན་པ་འདི།
ལེན་ལ་རེ་བའི་ཡུས་ལུགས་ལ།
མི་ལ་སྟེར་བ་ངོ་མཚར་ཆེ།
སངས་རྒྱས་ཐོབ་བསམ་ཧམ་པ་ལ།

མཆོད་གཞིས་འཛིན་པའི་དཔོན་པོ་ཚོ།
སྡོམ་པ་དམ་ཚིག་གཅིག་ཀྱང་མེད།
ཆོས་པ་ཡིན་བསམ་ངོ་མཚར་ཆེ།
ཆོས་གཟུགས་འཛིན་པའི་ཧམ་པ་ལ།

ང་རྣལ་འབྱོར་ཀུན་ལེགས་རྒྱལ་ཁམས་བསྐོར།
ཕ་ཡུལ་སྤོངས་པས་ཅི་ཡོང་བ།
ཞེན་པ་མ་ཐོངས་ངོ་མཚར་ཆེ།
བྱ་བཏང་ཟེར་བའི་ཧམ་པ་ལ།
ཁ༽ 

བླ་ཆེན་མང་ཤོས་བཀའ་རྒྱུད་པ།
དགོན་ཆུང་རེ་ལ་བླ་ཆེན་རེ།

སྔགས་པ་མང་ཤོས་རྙིང་མ་པ།
སྔགས་ཕོ་རེ་ལ་སྔགས་མོ་རེ།

སྲས་སྲོས་མང་ཤོས་ས་སྐྱ་པ།
བདག་མོ་རེ་ལ་བདག་ཕྱུག་ལྔ།

དགེ་འདུས་མང་ཤོས་དགེ་ལུགས་པ།
དགོན་པ་རེ་ལ་དགེ་འདུས་སྟོང་།
ཧ་ལེ་ཧོ་ལེ་ཡེ་སྭཱ་ཧཱ།།

ག༽ 

བཀའ་བརྒྱུད་ཟེར་ན་ནུ་རྡོ་རེད།
བྱིན་རླབས་འོ་མ་ཨེ་ཡོད་ན།
མེད་ན་རྐྱལ་སྟོང་སྐམ་པོ་རེད།

རྙིང་མ་ཟེར་ན་ནང་ཤེ་རེད།
ཉམས་མྱོང་དྲི་མ་ཨེ་ཡོད་ན།
མེད་ན་རོ་མྱགས་འདམ་རྫབ་རེད།

ས་སྐྱ་ཟེར་ན་བ་མོ་རེད།
ཕྱི་དཀར་ནང་དཀར་ཨེ་ཡོད་ན།
མེད་ན་ལོ་ཏོག་སད་བྱེད་རེད།

དགེ་ལུགས་ཟེར་ན་སྐྲུ་ཁུག་རེད།
ཚིག་འཁྲིའི་སྐྲུ་ཟས་ཨེ་ཡོད་ན།
མེད་ན་སྐྲུ་ཁུག་སྟོང་པ་རེད།

ང༽ 

དེང་སང་རྙིང་མ་བ་རྣམས་བོན་ཆོག་གྱེར་བ་ལ་དགྱེས་པ་འདི།
སྔོན་བོན་པོའི་བསྟན་པ་སྣུབ་པའི་ལེ་ལན་ཡིན་ནམ་སྙམ།

ས་སྐྱ་པ་རྣམས་དགེ་སློང་ལས་ཀྱང་ཁྱིམ་པ་ལ་གཙོ་བོར་བྱེད་པ་འདི།
སྔོན་ས་པཎ་གྱིས་བསྟན་པ་དག་ཐེར་བྱས་པའི་ལེ་ལན་ཡིན་ནམ་སྙམ།

བཀའ་བརྒྱུད་པ་རྣམས་བཞུགས་ཁྲི་མཐོ་བ་ལ་ཐོབ་ཤ་འགྱེད་པ་འདི།
སྔོན་སྒྲུབ་བརྒྱུད་གོང་མས་དམན་ས་བཟུང་བའི་ལེ་ལན་ཡིན་ནམ་སྙམ།
དགེ་ལྡན་པ་རྣམས་འཇིག་རྟེན་དྲེགས་པ་ལ་བསྟེན་པར་དགའ་བ་འདི།
སྔོན་རྗེ་རིན་པོ་ཆེས་ལམ་རིམ་གཙོར་འདོན་བྱས་པའི་ལེ་ལན་ཡིན་ནམ་སྙམ།
འབྲུག་པ་ཀུན་ལེགས་ཀྱིས་ཞལ་ནས།།

Comments